[155A] །རྒྱ་གར་སྐད་དུ། སརྦ་ཨརྠ་སཱ་དྷཱ་ནྱ་ཨཱརྱ་བྲ་སནྣ་ཏཱ་རཱ་སཱ་དྷ་ནི། བོད་སྐད་དུ། དོན་ཐམས་ཅད་གྲུབ་པ་རབ་ཏུ་སྦྱིན་པའི་འཕགས་མ་སྒྲོལ་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔོན་མའི་རིམ་པ་རབ་ཏུ་སྦྱོར་བས་བྷ་གའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ ལ་ལྷ་མོ་སྒྲོལ་མ་ཆེན་མོ་གསེར་གྱི་མདོག་ལྟ་བུ་འཇིགས་པ་ཆེན་མོ་ཞལ་བརྒྱད་པ། སྤྱན་གསུམ་པ། ཕྱག་བཅུ་དྲུག་གིས་རྣམ་པར་བརྒྱན་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། མགོ་བོ་རློན་པའི་ཕྲེང་བ་བརྒྱ་ཕྱེད་ཀྱིས་དོ་ཤལ་བྱས་པ། འགྲོ་བ་རྣམས་སྐྱོབ་པའི་སྟོབས་ཆེན་མོ་ཞབས་གཡས་ བརྐྱང་བ་དང་ལྡན་པ། བཞད་ཅིང་ལང་ཆོ་གཞོན་ནུ་ལ་སྣ་ཚོགས་པའི་གོས་ཀྱིས་བརྒྱན་པ། རྩ་བའི་ཞལ་སེང་པོ། གཡས་ཀྱི་གཉིས་པ་ནི་ནག་པོ། གསུམ་པ་ནི་ལྗང་གུ། བཞི་པ་ནི་ནམ་མཁའ་ལྟ་བུ་སྔོན་པོའོ། །གཡོན་པ་ནི་ཀུནྡ་ལྟ་བུ། གཉིས་པ་ནི་དམར་པོ། གསུམ་པ་ནི་ནམ་མཁའ་ ལྟ་བུ་སྔོན་པོ། སྟེང་ནི་དུ་བའི་མདོག་ལྟ་བུ་འཇིགས་པ་ཆེན་མོའོ། །ཞལ་དབུས་མ་རྣམ་པར་གཙིགས་པའོ། །ཕྱག་གཡས་པ་རྣམས་ན་རལ་གྲི་དང། ཨུཏྤ་ལ་དང་མདའ་དང། རྡོ་རྗེ་དང་ལྕགས་ཀྱུ་དང། དབྱུག་པ་དང། གྲི་གུག་བསྣམས་པ་དང། མི་འཇིགས་པ་རྣམས་སོ། །གཡོན་གྱི་ [155B] ཐོད་པ་དང། གཞུ་དང། ཁ་ཊཱཾ་ག་དང། རྡོ་རྗེ་དང་བཅས་པའི་ཞགས་པ་དང། ཚངས་པའི་མགོ་བོ་དང། རིན་པོ་ཆེ་དང། བུམ་པ་རྣམས་བསྣམས་པའོ། །སྣ་ཚོགས་པདྨ་དང་ཟླ་བ་ལ་བཞུགས་པ། །ཉི་མའི་འོད་ཀྱིས་རྣམ་པར་ བརྒྱན་པ། ཞབས་གཡོན་པས་དབང་པོ་དང། ཞབས་གཉིས་ཀྱི་དབུས་སུ་དྲག་པོ་དང། ཚངས་པ་དང། འཁོར་ལོ་ཅན་ལ་གནས་པའོ། །སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས་པ། རྣལ་འབྱོར་པས་བསྒོམས་པས་མྱུར་དུ་དངོས་གྲུབ་རྣམས་ཐོབ་པར་འགྱུར་རོ། །བཟླས་པའི་སྔགས་ནི་ཨོཾ་པྲ་ སནྣ་ཏཱ་རཻ་ཨ་མྲྀ་ཏེ། ཨ་མྲྀ་ཏ་མུ་ཁེ་ཨ་མྲྀ་ཏ་ལོ་ཙ་ནེ་སརྦཱརྠ་སཱ་དྷ་ནི་སརྦ་སཏ་བ་ཤཾ་ཀ་རི་ཧཱུཾ་ཧཱུཾ་ཕཊ་སཱཧཱ། ཞེས་པ་ནི་དོན་ཐམས་ཅད་རབ་ཏུ་གྲུབ་པ་སྦྱིན་པའི་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།།